དོན་འཚོལ་གྱིན་ཡོད།

28/05/2009 18:47

རྒྱུ་མཚན་གཞིར་བཞག་གིས་བརྟག་དོན་འཚོལ་གྱིན་ཡོད།

ངྷ་ས་བོད་ཀྱི་དཔེ་མཛོད་ཁང་དང་ཨ་རིའི་ཨེ་མོ་རེ་གཙུག་ལག་སློབ་གཉེར་ཁང་གཉིས་མཉམ་འབྲེལ་ཐོག སཱ་ར་བོད་ཀྱི་མཐོ་རིམ་རིག་གནས་སློབ་གཉེར་ཁང་དུ། གདན་ས་ཁག་གཙོས་པའི་ཆོས་བརྒྱུད་རིས་མེད་ཀྱི་བཤད་གྲྭ་ཁག་གི་གྲྭ་བཙུན་ ༡༠༠ ཙམ་ལ་ཚན་རིག་གི་ཟབ་སྦྱོང་ཞིག་སྤྲོད་ཀྱིན་ཡོད་པ་དང་། ལས་གཞི་འདི་ནི་༧གོང་ས་མཆོག་གི་དགོངས་གཞི་ལྟར་ ༢༠༠༠ ལོ་ནས་མགོ་འཛུགས་བྱས་པ་ཞིག་ཡིན་འདུག

 

https://www.tibettimes.net/upload/articles/1-photos_from_D4.jpgཕྱི་ཚེས་ ༢༥ ཉིན་འདི་གའི་གསར་འགོད་པ་སཱ་ར་མཐོ་སློབ་ཏུ་བསྐྱོད་དེ། བོད་པའི་གྲྭ་བཙུན་ཚོར་ཚན་རིག་ཟབ་སྦྱོང་སྤྲོད་མཁན་ལ་སྐད་སྒྱུར་གནང་མཁན། བོད་ཀྱི་དཔེ་མཛོད་ཁང་ཚན་རིག་སྡེ་ཚན་གྱི་རྩོམ་སྒྲིག་པ་སངས་རྒྱས་བཀྲ་ཤིས་ལགས་སུ་བཅར་འདྲི་ཞུས་པར་ཁོང་གིས་ངོ་སྤྲོད་གནང་དོན། བོད་ཀྱི་དཔེ་མཛོད་ཁང་གིས་སྤྱི་ལོ་ ༢༠༠༠ ཙམ་ནས་ལོ་ལྟར་ཟླ་རེར་གདན་ས་ཁག་གཙོས་པའི་བཤད་གྲྭ་ཁག་གི་གྲྭ་བཙུན་ཚོར་ཚན་རིག་གི་ཟབ་སྦྱོང་ཞིག་སྤྲོད་ཀྱིན་ཡོད་ལ། ༢༠༠༤ ཙམ་ནས་ཨེ་མོ་རེ་དང་བོད་ཀྱི་ཚན་རིག་ལས་གཞི་ཟེར་བ་ཞིག་མགོ་འཛུགས་ཀྱིས་ཨེ་མོ་རེ་གཙུག་ལག་སློབ་གྲྭའི་ནང་ཆོས་སློབ་དཔོན་ཆེན་མོ་དང༌། ཨེ་མོ་རེ་དང་བོད་ཀྱི་མཐུན་ཚོགས་ཀྱི་གཙོ་འཛིན། འབྲས་སྤུངས་བློ་གསལ་གླིང་ཆོས་ཚོགས་ཀྱི་ཚོགས་གཙོ་གཅིག་ལྕོག་དགེ་བཤེས་བློ་བཟང་བསྟན་འཛིན་ལགས་ཀྱིས་ལས་གཞི་འདིའི་འགན་གཙོ་བོ་བཞེས་ཏེ། རིག་ཚན་བྱེ་བྲག་པ་རེ་རེ་ལ་ཨེ་མོ་རེ་གཙུག་ལག་སློབ་གྲྭ་ནས་དགེ་རྒན་ཆེད་གཏོང་བྱེད་ཀྱིན་ཡོད། བོད་ཀྱི་དཔེ་མཛོད་ཁང་གིས་ཚན་རིག་གི་སློབ་དེབ་བཟོ་བ་དང་སྐད་སྒྱུར་གྱི་འགན་ཁུར་ཡོད།

 

སྔོན་མ་ལོ་རེར་སློབ་མ་ ༥༠ ཡས་མས་ལས་སྡུད་ཀྱིན་མེད་མོད། ད་ལོའི་ཟབ་སྦྱོང་ལ་གྲྭ་བཙུན་ ༡༠༠ ཙམ་མཉམ་ཞུགས་གནང་ཡོད། དེ་དག་ལས་ ༦༠ ཙམ་གསར་བ་དང་། ༤༠ ཙམ་ཟབ་སྦྱོང་སྔ་མ་དག་གི་སྐབས་ཀྱི་སློབ་མའི་ཁྲོད་ནས་རྩེ་གྲས་བསྐྱར་དུ་བདམས་པ་རེད། ཁོང་ཚོར་ལོ་ལྔའི་རིང་ཚན་རིག་དགེ་རྒན་འོས་སྦྱོང་སྤྲད་དེ། མ་འོངས་པར་སོ་སོའི་དགོན་པ་ནས་ཚན་རིག་དགེ་རྒན་བྱ་རྒྱུར་དམིགས་པ་རེད། ཐེངས་འདིར་ང་ཚོས་ཐོག་མའི་བདུན་ཕྲག་གཅིག་རིང་ནུབ་ཕྱོགས་མཚན་ཉིད་རིག་པ་དང་ཨང་རྩིས་ངོ་སྤྲོད་བྱས་པ་རེད། དེའི་རྗེས་དངོས་ཁམས་ཚན་རིག་དང་། དེ་ནས་སྐྱེས་དངོས་ཚན་རིག། ཀླད་པའི་ཚན་རིག་བཅས་གོ་སྒྲིག་བྱས་ཡོད། ཅེས་ངོ་སྤྲོད་གནང་བྱུང་།

 

དེའི་རྗེས་ཐེངས་འདིར་ཆེད་དུ་ཕེབས་པའི་ཨ་རིའི་ཨེ་མོ་རེ་གཙུག་ལག་སློབ་གཉེར་ཁང་གི་དངོས་ཁམས་རིག་པའི་སློབ་དཔོན་ཆེན་མོ་རྗེ་ཊི་བྷི་རོ་ཌེ་ Jed Brody ལགས་སུ། ཁོ་རང་ཐོག་མ་བོད་པར་འབྲེལ་འདྲིས་ཇི་ལྟར་བྱུང་ཚུལ་དང༌། བོད་པའི་གྲྭ་བཙུན་ཚོས་ཚན་རིག་སྦྱང་བའི་ཐད། དགོངས་ཚུལ་གང་འདྲ་ཡོད་མེད་དྲིས་པར་ཁོང་གིས་གསུངས་དོན། ང་རང་གིས་སྔོན་མ་ནས་ཉི་འོད་ནུས་པའི་སྐོར་ལ་ཞིབ་འཇུག་དང་གསར་གཏོད་བྱས་ཏེ། ཉི་འོད་ཀྱི་སྤྱོད་སྒོ་རྒྱ་བསྐྱེད་གཏོང་ཐུབ་པ་ཡིན་ན། རྡོ་སྣུམ་གྱི་སྤྱོད་སྒོ་ཉུང་དུ་ཕྱིན་ཏེ། ཁོར་ཡུག་སྲུང་སྐྱོབ་ལ་ཕན་ཐོགས་ངེས་ཅན་ཞིག་ཡོང་གི་རེད་སྙམ་སྟེ། ཉི་འོད་ནུས་པའི་སྐོར་ལ་སློབ་སྦྱོང་བྱས་པ་ཡིན།

 

https://www.tibettimes.net/upload/articles/2-photos_from_D3.jpgང་རང་རྒྱ་གར་བོད་པའི་སྤྱི་ཚོགས་ནང་ཡོང་བ་ཐེངས་གཉིས་པ་ཡིན། ང་ཚོའི་ཨེ་མོ་རེའི་གཙུག་ལག་སློབ་གྲྭའི་ནང༌། བརྩོན་འགྲུས་བསམ་འཕེལ་ཟེར་བའི་བོད་པའི་སློབ་ཕྲུག་ཅིག་ཡོད། བོད་པ་ཚོར་ཐུན་མོང་གི་གཤིས་ཀ་ཞིག་ཡོད་པ་ནི། ཉམས་ཆུང་ཞིང་ཧུར་བརྩོན་ཆེ་བ། འདོད་རྔམ་ཆུང་ཞིང་བརྩི་བཀུར་ཆེ་བ་དེ་རེད། གཤིས་ཀ་འདི་ལ་ང་རང་ཧ་ཅང་དགའ་བོ་ཡོད། ང་རང་རྟག་པར་ནང་པའི་ཆོས་ཚོགས་ཁག་ཏུ་སོང་སྟེ། ནང་པའི་ལྟ་སྒོམ་སྤྱོད་གསུམ་ལ་ཉམས་ལེན་བྱེད་ཀྱིན་ཡོད། ཐེངས་འདིར་ང་ཚོའི་སློབ་གྲྭའི་སློབ་གཙོ་མཆོག་གིས། ང་བོད་པའི་གྲྭ་བཙུན་ཚོར་ཚན་རིག་སློབ་ཁྲིད་བྱེད་པར་མངགས་སྐབས་དགའ་བཞིན་སྤྲོ་བཞིན་དང་ལེན་བྱས་པ་ཡིན།

 

ངས་ཐོག་མ་ནས་བོད་པའི་གྲྭ་བཙུན་ཚོས་ཚན་རིག་སྦྱང་ན་གྲུབ་འབྲས་ཆེན་པོ་ཞིག་ལེན་ཐུབ་གི་རེད་སྙམ་པའི་ཚོད་དཔག་བྱས་མྱོང་མེད། ༧གོང་ས་ཏཱ་ལའི་བླ་མས་ཚན་རིག་དང་ནང་ཆོས་གཤིབ་བསྡུར་བྱ་རྒྱུ་གལ་ཆེ་ཚུལ་གསུངས་པ་དེ་ལ་ཡིད་ཆེས་བྱས་ཏེ་ཡོང་བ་ཡིན་ལ། གྲྭ་བཙུན་ཁོ་རང་ཚོའི་ངོས་ནས་ཀྱང༌། ༧གོང་ས་ཏཱ་ལའི་བླ་མས་ཚན་རིག་གི་གལ་ཆེའི་རང་བཞིན་ཡང་ཡང་གསུང་གིན་ཡོད་སྟབས། ཚན་རིག་སྦྱང་འདོད་སྐྱེས་བྱུང་ཞེས་ལབ་ཀྱིན་འདུག སློབ་ཁྲིད་སྐབས་ཁོང་ཚོས་ཧ་ཅང་དོ་སྣང་ཆེན་པོ་བྱེད་ཀྱིན་འདུག་སྟབས། ཁོང་ཚོར་ཚན་རིག་ཁྲིད་འདོད་ཀྱི་སེམས་ཤུགས་སྔར་ལས་ཆེན་པོ་སྐྱེས་སོང༌།

 

སྔོན་ཆད་ང་རང་གིས་ཆོས་པ་ཞིག་གིས་ཚན་རིག་སྦྱང་ན། སོ་སོའི་ཆོས་དད་བརླག་འགྲོ་བ་རེད་དྲན་མྱོང་ཡོད། འོན་ཀྱང། ང་ཚོའི་སློབ་གྲྭའི་ཚན་རིག་སློབ་དཔོན་ཞིག་གིས། བོད་པའི་གྲྭ་བཙུན་ཚོར་ཁྱེད་ཅག་གིས་ཚན་རིག་ཅིའི་ཕྱིར་སྦྱོང་གིན་ཡོད་ཅེས་དྲིས་པའི་ལན་དུ། གྲྭ་བཙུན་ཚོས་ང་ཚོས་ཚན་རིག་སྦྱང་བ་དེས་ནང་པའི་མཚན་ཉིད་རིག་པར་གོ་བ་ལེན་བདེ་བོ་ཆགས་ཀྱིན་འདུག་ཅེས་ལན་བཏབས་པ་དེར་མི་མང་པོ་ཧང་སང་གིན་ཡོད། དེ་ནི་ཚན་རིག་དང་ནང་ཆོས་གཉིས་ཀས་རྒྱུ་མཚན་གཞིར་བཞག་གིས་བརྟག་དོན་འཚོལ་གྱིན་ཡོད་པ་དེ་རེད། ཅེས་གསུངས་བྱུང་།

 

https://www.tibettimes.net/upload/articles/3-photos_from_D3.jpgཐེངས་འདིའི་ཚན་རིག་ཟབ་སྦྱོང་ནང་མཉམ་ཞུགས་གནང་མཁན་འབྲས་སྤུངས་སྒོ་མང་ཁང་ཚན་གྱི་གྲྭ་འཇིགས་མེད་ལགས་སུ། ཚན་རིག་དང་ནང་ཆོས་གཤིབ་བསྡུར་གྱི་གོ་རིམ་ཁྲོད་ནས་ཉམས་མྱོང་ཅི་བྱུང་སྐོར་དྲིས་པར་ཁོང་གིས་གསུངས་དོན། ང་རང་ ༢༠༠༧ ལོ་ནས་ཚན་རིག་ཟབ་སྦྱོང་འདིར་ཞུགས་པ་ཡིན། ང་ཚོར་ཚན་རིག་སྦྱོང་མཁན་ཞིག་ལ་ཚང་དགོས་པའི་ཨང་རྩིས་སོགས་རྩ་བའི་ཤེས་བྱ་མང་པོ་ཞིག་གིས་འདང་གིན་མེད་སྟབས། ནུབ་ཕྱོགས་ཀྱི་ཚན་རིག་གཞུང་ལུགས་མང་པོ་ཞིག་ཁྱེར་ཡོང་སྐབས། དཀའ་ངལ་མི་ཉུང་བ་ཞིག་འཕྲད་ཀྱིན་འདུག འོན་ཀྱང། ནང་ཆོས་དང་ཚན་རིག་གཉིས་ལ་མཐུན་པའི་ཆ་མང་པོ་ཞིག་འདུག་ལ། ལྷག་པར་དུ་རིག་སྒོ་ཆེན་པོ་འདི་གཉིས་ཀ་བརྟག་དཔྱད་དང་རྒྱུ་མཚན་གྱི་ལམ་ནས་འགྲོ་དགོས་པ་ཞིག་ཆགས་ཡོད་སྟབས། ཕྱོགས་མང་པོ་ཞིག་ནས་སོ་སོར་བློ་སྐྱེད་སྟེར་གྱིན་འདུག

 

སྤྱིར་དུས་ཡུན་ཐུང་ཐུང་ཞིག་གི་ནང་ལ་གྲུབ་འབྲས་ཆེན་པོ་ཞིག་ཐོབ་དཀའ་མོ་རེད། འོན་ཀྱང་། མགོ་བརྩམས་ཟིན་པ་འདི་ལ་མཇུག་བསྐྱང་ཐུབ་པ་ཡིན་ན། གྲུབ་འབྲས་འབྱུང་བར་ཡིད་ཆེས་ཡོད། ཚན་རིག་སློབ་གཉེར་གྱི་གོ་རིམ་ཁྲོད་ནས་ཁོར་ཡུག་ལ་དོ་སྣང་ཆེན་པོ་ཞིག་སླེབས་སོང་ལ། འཇིག་རྟེན་ཁམས་འདིར་ད་ལྟའི་ང་ཚོའི་ཚོད་དཔག་གི་ར་བ་ལས་བརྒལ་ཏེ། ཞིབ་འཇུག་གི་བརྒྱུད་རིམ་ཁྲོད་ནས་གནད་དོན་མང་པོ་འབྱུང་སྲིད་པའི་སེམས་ཚོར་ཡང་བྱུང་སོང༌། ཞེས་གསུངས་བྱུང་།

 

Back

Search site

© 2009 All rights reserved Konchok.webnode.com

དཀོན་མཆོག་བོད་རང་བཙན་དྲ་ཚིགས།