མཛད་འཕྲིན་ཆེ་བ་བཅུ།

14/04/2009 16:29

༢༠༠༨ ལོའི་ྋགོང་ས་མཆོག་གི་མཛད་འཕྲིན་ཆེ་བ་བཅུ།

 

༧གོང་ས་མཆོག་གི་མཛད་འཕྲིན་ནི་སྤྱིར་ན་ཉིན་ ༣༦༠ རིང་ལ་ཡོད་ཀྱང་། སྐབས་ཐོག་ ༢༠༠༨ ལོར་བོད་དང་རྒྱ་ནག་གི་ཕྱོགས་ལ་ཤུགས་རྐྱེན་ཆེ་ཤོས་ཀྱི་མཛད་འཕྲིན་གཙོ་བོ་ཁག་བཅུ་འདིར་འདེམ་བཀོད་བྱས་པ་ཡིན།

 

གཅིག  ཕྱི་ཟླ ༡ ཚེས ༧ ཉིན་ྋགོང་ས་མཆོག་གིས་དཔལ་ལྡན་འབྲས་སྤུངས་མཁས་མང་བློ་གསལ་བྱེ་བའི་གླིང་གི་གཙུག་ལག་ཁང་རྟེན་དང་བརྟེན་པ་གསར་བཞེངས་ལེགས་འགྲུབ་ཟིན་པར་དབུ་འབྱེད་གནང་བ་དང༌། ཁོང་གི་བཀའ་སློབ་ལམ་སྟོན་འོག་གདན་ས་ཁག་གི་དགེ་འདུན་པ་ཚོས་དོལ་རྒྱལ་བསྟེན་མིན་ལ་ཚུལ་ཤིང་འཕངས་པ།

གཉིས།  ཕྱི་ཟླ ༣ ཚེས ༢༨ ཉིན་ྋགོང་ས་མཆོག་གིས་རྒྱ་རིགས་ཡོངས་ལ་འབོད་སྐུལ་གནང་རྒྱུར། ང་ལ་བོད་ཁ་བྲལ་གཏོང་རྒྱུའམ། ཡང་ན་བོད་རིགས་དང་རྒྱ་རིགས་བར་མ་འགྲིག་པ་བཟོ་རྒྱུའི་འདོད་པ་མེད་ཅེས་ངས་རྒྱ་རིགས་སྤུན་ཟླ་ཚོར་འགན་ལེན་བྱེད་ཀྱི་ཡིན་ཞེས་གསུང་འཕྲིན་བསྩལ་ཡོད།

གསུམ།  ཕྱི་ཟླ ༤ ཚེས་ ༦ ཉིན་ྋསྤྱི་ནོར་ྋགོང་ས་སྐྱབས་མགོན་ཆེན་པོས་བོད་རིགས་ཡོངས་ལ་བསྩལ་བའི་བཀའ་སློབ་ནང་ང་ཚོའི་འཐབ་རྩོད་ནི་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆབ་སྲིད་དབང་འཛིན་པ་ཉུང་ཤས་ཤིག་མ་གཏོགས་རྒྱ་མི་རིགས་མིན་པས། རྒྱ་ནག་མང་ཚོགས་ཀྱི་སེམས་ལ་འཁོན་འཛིན་འགྲོ་གཞིའི་རིགས་གཏན་ནས་བྱེད་མི་རུང་ཞེས་བཀའ་སློབ་དོན་ཚན་ ༡༣ ཅན་ཞིག་གནང་ཡོད།

བཞི།  ཕྱི་ཟླ ༨ ཚེས ༦ ཉིན་ྋགོང་ས་མཆོག་གིས་པེ་ཅིང་ཨོ་ལེམ་པིག་རྩེད་འགྲན་གྱི་གོ་སྒྲིག་ཚོགས་ཆུང་དང༌། རྩེད་འགྲན་པ། ཀྲུང་ཧྭ་མི་མང་སྤྱི་མཐུན་རྒྱལ་ཁབ་གཞུང་དམངས་བཅས་ལ་རྩེད་འགྲན་ལམ་ལྷོང་ཡོང་བའི་སྨོན་ལམ་དང་བཀྲ་ཤིས་འཚམས་འདྲི་ཞུས་ཡོད་པ་རེད།

 ལྔ༌།  ཕྱི་ཟླ ༨ ཚེས ༣༠ ཉིན་ྋགོང་ས་མཆོག་སྐུ་ཁམས་བདེ་མིན་ལ་མ་གཟིགས་པར་མུམ་བྷེའི་སྨན་ཁང་ནས་བོད་མིའི་སྨྱུང་གནས་དང་སྨོན་ལམ་གསོལ་འདེབས་ཀྱི་ལས་འགུལ་ནང་ལྷན་བཞུགས་གནང༌།


དྲུག  ཕྱི་ཟླ་ ༩ ཚེས་ ༡༡ ཉིན་ྋགོང་ས་མཆོག་གིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་དྲུག་པར། བོད་ནང་གི་ཛ་དྲག་གི་བྱུང་རྐྱེན་དང་རྒྱལ་སྤྱིའི་གནས་བབ་བཅས་ཀྱི་འོག་མ་འོངས་ལས་དོན་སྤེལ་ཕྱོགས་ཇི་དགེའི་ཐད་བགྲོ་གླེང་གོ་བསྡུར་ལྷུག་པོ་ཡོང་བར་ཚོགས་ཆེན་ཞིག་འཚོག་རྒྱུའི་གསུང་འཕྲིན་བསྩལ་བ།

བདུན།  ཕྱི་ཟླ་ ༡༠ ཚེས ༡༥ ཉིན་ྋགོང་ས་མཆོག་གིས་བོད་ཁྱིམ་མཛད་སྒོའི་ཐོག་བཙན་བྱོལ་བོད་མིའི་ཤེས་ཡོན་སྤྱི་དང༌། ལྷག་པར་དུ་རིགས་གཅིག་རྐང་འཛིན་པ་གསོ་སྐྱོང་དགོས་པའི་ཐད་བཀའ་སློབ་གལ་ཆེན་གནང༌།

བརྒྱད།  ཕྱི་ཟླ ༡༡ པའི་ཚེས་ ༢༣ ཉིན་ྋགོང་ས་མཆོག་གིས་བོད་མིའི་དམིགས་བསལ་ཚོགས་ཆེན་ཐེངས་དང་བོའི་ཚོགས་མི་ ༦༠༠ མ་ཟིན་ཙམ་ལ་མཇལ་ཁ་དང་བོད་མིའི་ཤེས་ཡོན་གོང་སྤེལ་ཐད་སླར་ཡང་གལ་ཆེའི་བཀའ་སློབ་གནང་ཡོད།

དགུ།  ཕྱི་ཟླ་ ༡༢ ཚེས་ ༢ ཉིན་ྋགོང་ས་མཆོག་ཡུ་རོབ་གྲོས་ཚོགས་སུ་ཕེབས་ནས་བོད་དོན་དང་རྒྱ་ནག་གི་དམངས་གཙོའི་ཐད་དམིགས་བསལ་གསུང་བཤད་གནང་ལ། ཚེས་ ༦ ཉིན་ཧཕ་རན་སིའི་སྲིད་འཛིན་ནེ་ཁོ་ལ་སུ་སར་ཁོ་རྫེ་ལ་མཇལ་འཕྲད་གནང༌།

 བཅུ།  ཕྱི་ཟླ་ ༡༢ ཚེས་ ༡༨ ཉིན་ྋགོང་ས་མཆོག་བཞུགས་སྒར་ཕོ་བྲང་ནས་ཆིབས་ཐོན་གྱིས་རྒྱ་གར་ཧི་མ་ཅལ་མངའ་སྡེའི་གྲོས་ཚོགས་ནང་ཕེབས་ཏེ་ཧི་མ་ཅལ་ནི་ཁོང་དང་བོད་མི་ཚོའི་ཕ་ཡུལ་ལྟ་བུ་ཆགས་ཡོད་སྐོར་གསུང་བཤད་གནང་ཡོད།

 

Back

Search site

© 2009 All rights reserved Konchok.webnode.com

དཀོན་མཆོག་བོད་རང་བཙན་དྲ་ཚིགས།