ཨང་དང་པོ་བླངས།

28/05/2009 18:45

འདི་ལོའི་རྒྱ་གར་རྒྱལ་ཡོངས་ཀྱི་འཛིན་རིམ་བཅུ་གཉིས་ཀྱི་ཡིག་རྒྱུགས་སྐབས། གྷོལ་པ་པུར་བོད་ཁྱིམ་སློབ་གྲྭའི་སློབ་མ་བརྒྱ་ཆ་བརྒྱ་ཡིས་ཡིག་རྒྱུགས་འཕྲོད་པར་བརྟེན་ཨང་དང་པོ་ཆགས་འདུག དེ་བཞིན་སློབ་གྲྭ་ཁག་ ༡༤ ཡི་གྲུབ་འབྲས་ལོ་སྔོན་མ་ལས་བརྒྱ་ཆ་བཞི་ཚེག་བཞི་འཕར་ཡོད་པ་རེད།

https://www.tibettimes.net/upload/articles/DSC03383.jpgཕྱི་ཚེས་ ༢༢ ཉིན་ ༢༠༠༩ ལོའི་རྒྱ་གར་རྒྱལ་ཡོངས་འཛིན་རིམ་བཅུ་གཉིས་ཀྱི་ཡིག་རྒྱུགས་ཆེན་མོའི་གྲུབ་འབྲས་ཡོངས་སུ་གསལ་བསྒྲགས་གནང་ཡོད་ལ། ལོ་འདིའི་རྒྱལ་ཡོངས་འཛིན་རིམ་བཅུ་གཉིས་ཀྱི་ཡིག་རྒྱུགས་ཆེན་མོའི་ཁྲོད་བཙན་བྱོལ་བོད་ཀྱི་སློབ་གྲྭ་ཁག་ ༡༤ ཡི་སློབ་མ་ ༡༢༤༡ རྒྱལ་ཡོངས་ཡིག་རྒྱུགས་ལ་འཛུལ་ཞུགས་བྱས་ཡོད་པ་དང་། ཡིག་རྒྱུགས་ཡོངས་སུ་འཕྲོད་པའི་སློབ་མ་ ༡༡༥༤ དང་། བསྐྱར་རྒྱུགས་གཏོང་དགོས་མཁན ༧༧  ། ཡིག་རྒྱུགས་འཕྲོད་མེད་མཁན་གྱི་སློབ་མ་ ༡༠ ཡོད།  ལོ་འདིའི་ཡིག་རྒྱུགས་ཆེན་མོའི་བརྒྱ་ཆ་ལོ་སྔོན་མའི་བརྒྱ་ཆའི་ ༨༩༌༦ ལས་འཕར་སྣོན་བྱུང་སྟེ་བརྒྱ་ཆའི་ ༩༢༌༩༩ ཡི་གྲུབ་འབྲས་བླངས་ཡོད་པ་མ་ཟད། ཐེངས་འདིའི་ཡིག་རྒྱུགས་འཛུལ་ཞུགས་བྱས་པའི་སློབ་ཕྲུག་བུ་ ༥༣༠ ཡོད་པའི་ཁྲོད་ཀྱི་སློབ་མ་ ༤༩༨ ཡིས་ཡིག་རྒྱུགས་འཕྲོད་ཡོད་ལ། ཆ་སྙོམས་གྲུབ་འབྲས་བརྒྱ་ཆ་ ༩༣༌༩༦ བླངས་ཡོད་པ་དང་། སློབ་མ་བུ་མོ་ ༧༡༡ འཛུལ་ཞུགས་བྱས་པའི་ཁྲོད་ ༦༥༦ ཡིས་ཡིག་རྒྱུགས་འཕྲོད་ཡོད་ལ། ཆ་སྙོམས་གྲུབ་འབྲས་བརྒྱ་ཆ་ ༩༢༌༢༦ བླངས་ཡོད། སློབ་མ་སྒེར་ངོས་ནས་བཤད་ན། ཚན་རིག་སྡེ་ཚན་དུ་ངྷ་སྟེང་བོད་ཁྱིམ་སློབ་གྲྭའི་སློབ་མ་རྡོ་རྗེ་རྒྱལ་མཚན་གྱིས་བརྒྱ་ཆ་ ༨༨ ཡི་གྲུབ་འབྲས་བླངས་ཏེ་ཨང་དང་པོ་བླངས་ཡོད་པ་དང་། ཚོང་ལས་སྡེ་ཚན་ནང་སྤེལ་ཀོབ་བོད་ཁྱིམ་སློབ་གྲྭའི་སློབ་མ་སྐལ་བཟང་བདེ་སྐྱིད་ཀྱིས་བརྒྱ་ཆ་ ༩༢༌༨ ཡི་གྲུབ་འབྲས་བླངས་ཏེ་ཨང་དང་པོ། སྒྱུ་རྩལ་སྡེ་ཚན་ནང་ཀ་སྦུག་གཏན་སློབ་གྱི་སློབ་མ་སངས་རྒྱས་ཆོས་སྒྲོན་གྱིས་བརྒྱ་ཆ་ ༨༧༌༢ ཡི་གྲུབ་འབྲས་བླངས་ཏེ་ཨང་དང་པོ་བླངས་ཡོད་པ་དང་། ཐེངས་འདིའི་བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་ ༡༤ ཁྲོད་གྷོལ་པ་པུར་སློབ་གྲྭས་ཡིག་རྒྱུགས་ཁྲོད་བརྒྱ་ཆ་བརྒྱ་ཡི་གྲུབ་འབྲས་བླངས་ཏེ་ཨང་དང་པོ་ཐོབ་ཡོད་པ་དང་། སྦེལ་ཀོབ་བོད་ཁྱིམ་སློབ་གྲྭས་བརྒྱ་ཆ་ ༩༦༌༢༢ གྲུབ་འབྲས་བླངས་ཏེ་ཨང་གཉིས་པ། རྡོར་གླིང་གཏན་སློབ་ཀྱིས་བརྒྱ་ཆ་ ༩༥༌༨༣  ཡི་གྲུབ་འབྲས་བླངས་ཏེ་ཨང་གསུམ་པའི་གྲུབ་འབྲས་བླངས་ཡོད་པ་དང་། བཙན་བྱོལ་བོད་ཀྱི་སློབ་གྲྭ་ཁག་ ༡༤ ནང་ཐེངས་འདིའི་བོད་ཡིག་གི་ཡིག་རྒྱུགས་ཁྲོད་སློབ་མ་ ༣༠ ལ་བརྒྱ་ཆ་ ༩༠ ཡན་གྱི་གྲུབ་འབྲས་ཐོབ་ཡོད་པ་རེད།

Back

Search site

© 2009 All rights reserved Konchok.webnode.com

དཀོན་མཆོག་བོད་རང་བཙན་དྲ་ཚིགས།